བྲག་དཀརཔོ།

བྲག་དཀརཔོ།

༉ དུས་རབས་༨ པའི་ནང་ གུ་རུ་རིན་པོ་ཆེ་གིས་ རྒྱལ་ཁབ་ཀྱི་ས་གནས་ མང་ཤོས་ཅིག་ནང་ ཞབས་ཀྱིས་བཅགས་ཏེ་ ས། རྡོ། རི། བྲག་མང་རབས་ཅིག་ བྱིན་གྱིས་བརླབས་གནང་མི་ཚུ་གི་གྲས་ལས་ གཅིག་ སྤ་རོའི་གནས་ཆེན་ བྲག་དཀརཔོ་ཨིནམ་ད་ ག་ནི་བ་ གཟི་བརྗིད་ཆེ་བའི་ གནས་རྩ་ཅན་དེ་ སྤ་རོ་ཤར་པ་ལས་ ཁ་ཡར་བལྟ་སྟེ་ ཀི་ལོ་མི་ཀྲར་༤ འདེ་ཅིག་ལུ་ ཆགས་ཡོདཔ་ཨིན་པས།

བྲག་དཀརཔོ་གི་ ས་ཁོངས་ནང་ གུ་རུ་རིན་པོ་ཆེ་ ཐུགས་དམ་གནང་སའི་ སྐུ་རྗེས་མཇལ་ནི་ཡོདཔ་མ་ཚད་ མཐའ་འཁོར་ག་ར་ གནས་ཀྱིས་གང་ཡོདཔ་ཨིན་པས། སླབ་སྲོལ་གཅིག་ལས་འབད་བ་ཅིན་ གུ་རུ་རིན་པོ་ཆེ་གིས་ གནས་ཀྱི་བྱག་དེ་ སྦུག་ལས་བཀག་སྟེ་ ཟུར་ཅིག་ལས་ རྡོ་དོང་བཏོན་ཞིནམ་ལས་ དེ་ནང་ ཐུགས་དམ་གནང་སྟེ་ བཞུགས་ནུག་ཟེར་ཨིནམ་ད་ ཐུགས་དམ་གནང་སའི་ མདུན་ཕྱོགས་ལུ་ རྡོ་སྤོག་མི་དེ་ སྦྱར་ཞིནམ་ལས་ དཀྱིལ་འཁོར་ལུ་ བྱིན་གྱིས་བརླབས་གནང་ནུག་ཟེར་ཨིན་པས།

གནས་ཀྱི་མིང་ཡང་ བྱག་བཀག་མི་ལས་ རྟ་དྲངས་ཏེ་ བྲག་བཀག་པོ་ཟེར་ བཏགས་ཡོདཔ་ཨིན་རུང་ ད་རེས་ནངས་པར་ བརྗོད་སྒྲ་ཉམས་ཏེ་ བྲག་དཀརཔོ་ཟེར་ སླབ་སྲོལ་ཡོདཔ་ད་ གནས་ཡིག་ནང་ བྲག་དཀར་པོ་ཟེར་ཡོད་མི་ལུ་བལྟ་བ་ཅིན་ ཧེ་མ་ བྱག་གི་ཁ་དོག་དེ་ དཀརཔོ་སྦེ་ཡོད་པའི་ ལོ་རྒྱུས་ཅིག་ཡང་ འདུག་ཟེར་ཨིན་པས།

ལྷ་ཁང་ངོ་མ་དེ་ གུ་རུ་ཐུགས་དམ་གནང་སའི་ བྱག་ཕུག་ཨིནམ་ད་ སྐུ་རྗེས་ཡོད་སར་ གུ་རུ་གསུང་བྱོན་གྱི་སྐུ་ ཕིཊི་༡༢ འབད་མི་ཅིག་ གཡོན་ཁ་ཐུག་ལུ་ ད་རུང་ གུ་རུའི་སྐུ་འདྲ་སྦོམ་ཅིག་ཡང་ ཡོདཔ་ཨིན་པས།

ལྷ་ཁང་གི་ སྒོའི་རྩ་བ་ལུ་ དཔག་བསམ་ལྗོན་ཤིང་གི་སྡོང་པོ་ཟེར་ རྡོ་ཅིག་ བྱིན་གྱིས་བརླབས་ཏེ་ཡོདཔ་ད་ ཤིང་གི་ར་ཏོག་དེ་ ལྷ་ཁང་གི་འོག་ཐོག་ལས་ སྐྱེས་ཏེ་ཡོད་ཟེར་ བཤད་དོ་ཡོདཔ་མ་ཚད་ དེའི་སྦོ་ལོགས་ཁར་ རྗེ་བཙུན་སྒྲོལ་མའི་ བྷ་ག་དང་ གུ་རུའི་ཞབས་ལྷྭམ་ཚུ་ཡང་ མཇལ་ཚུགསཔ་ཨིན་པས།

ལྷ་ཁང་དེ་ བྱ་ཁྱུང་གི་སྒལ་ཏོག་ཁར་ བཞེངས་བཞེངསམ་ཨིན་ཟེར་ སླབ་སྲོལ་ཡོདཔ་ལས་ ལྷ་ཁང་གི་ གཞི་འགྱམ་གྱི་དབྱིབས་དེ་ཡང་ བྱ་ཁྱུང་བཟུམ་སྦེ་ མཇལ་དོ་ཡོདཔ་ད་ དེའི་གཡས་ཁ་ཐུག་གི་བྱག་དེ་ གསེར་གྱི་མནྜལ་ཨིན་ཟེར་ བཤདཔ་ཨིན་པས་ བྲག་དཀརཔོ་གི་ གནས་བསྐོར་དེ་ ལྷ་ཁང་གི་འོག་ལས་ འགོ་བཙུགས་ཏེ་ རྐྱབ་དགོཔ་ཨིནམ་ད་ དེ་ཁ་ལས་འགྱོ་བའི་སྐབས་ རྡོ་ཅིག་ལུ་ ཨོྂ་ཡིག་དང་ ཕུར་པ་རང་བྱོན་ཚུ་ མཇལཝ་ཨིན་པས།

དེའི་ཤུལ་ལས་ གུ་རུའི་བཞུགས་ཁྲི་དང་ ཞབས་རྗེས་ བ་སོ་ལས་གྲུབ་པའི་གུ་རུའི་ཕྱག་ཕྲེང་ དེ་ལས་ དེའི་གཡོན་ཁ་ཐུག་ལུ་ བྱག་ཆུང་ཀུ་ཅིག་གི་ སྤྱི་ཏོག་གུ་ གུ་རུའི་ཚེ་བུམ་ཅིག་ཡང་ མཇལ་ནི་འདུག།

དེ་ཁ་ལས་ ཁ་ཡར་བལྟ་སྟེ་ འགྱོ་བའི་སྐབས་ལུ་ གསེར་ཉ་ཟེར་ རྡོ་ཅིག་གི་ཐོག་ཁར་ ཉའི་དབྱིབས་ཅིག་ཡོདཔ་ད་ དེའི་གཡོན་ཁ་ཐུག་ལུ་ ལྕགས་ཀྱི་ཨེ་ཁུག་ཅིག་ལས་ འཛེགས་ཏེ་འགྱོཝ་ད་ བླམ་ནམ་མཁའི་སྙིང་པོ་ སྐུ་ཕྲེང་༢ པ་ ཐུགས་དམ་གནང་སའི་ བྱག་ཕུག་ནང་ལྷོདཔ་ཨིན་པས།

བྱག་ཕུག་གི་མགུ་ལུ་ རྣལ་འབྱོར་མ་ མ་གཅིག་ལབ་སྒྲོན་གྱིས་ གཅོད་བཏང་སྟེ་ སྐུ་གཟུགས་སྦྱིན་པ་གནང་བའི་ཤུལ་ སྒལ་ཚིགས་༢༨ དང་ མཁའ་འགྲོ་མའི་ཚོགས་གཞོང་ མཁའ་འགྲོའི་གསོལ་ཐབ་ བླམ་འབྲུག་པ་ཀུན་ལེགས་ཀྱི་ཞབས་རྗེས་ གུ་རུའི་ཞབས་རྗེས་ དེ་ལས་ བླམ་ངག་དབང་ཆོས་རྗེའི་ ཞབས་རྗེས་ཡང་ ཡོདཔ་ཨིན་པས།

དེ་ཁ་ལས་ དུམ་གྲ་ཅིག་འགྱོཝ་ད་ གུ་རུའི་ཕྱག་འཁར་དང་ མཁའ་འགྲོ་འབུམ་གྱི་གནས་ དུར་ཁྲོད་ ཐོདཔ་ རིགས་གསུམ་མགོན་པའི་གནས་ དེ་ལས་ གུ་རུའི་ཕྱག་འཐམ་ཚུ་ མཇལ་ཚུགས་པའི་ཁར་ མཐའ་འཁོར་གྱི་ རི་ ག་ར་ གནས་ཨིནམ་ལས་ དེ་ནང་ལྷོདཔ་ཙམ་གྱིས་ ངན་སོང་ལས་གྲོལ་ཚུགས་ཟེར་ གནས་ཡིག་ནང་ གསུངས་བཞག་ནུག་ཟེར་ཨིན་པས།

ཉིན་བསྟར་བཞིན་དུ་ གནས་མཇལ་མི་ མི་༢༠ ལས་༥༠ འི་བར་ན་ འོང་དོ་ཡོད་མིའི་གྲས་ལས་ མང་ཤོས་ར་ ནདཔ་ཚུ་ཨིནམ་ད་ མི་ཚུ་གིས་ སླབ་མིའི་ནང་ ཉིནམ་༡ ལུ་ བྲག་དཀརཔོ་གི་གནས་ བསྐོར་ར་༡༠༨ རྐྱབ་པ་ཅིན་ ནད་གཞི་ཚུ་ལས་ དྲགཔ་ཨིན་ཟེར་བའི་ཡིད་ཆེས་སྐྱེད་དོ་ཡོདཔ་ཨིནམ་ད་ བསྐོར་ར་ཚར་༡ རྐྱབ་ད་ དུས་ཡུན་སྐར་མ་༡༥ དེ་ཅིག་ འགོར་དོ་ཡོདཔ་ཨིན་པས་ཟེར་ཞུ་ནི།