རྟ་མཆོག་ལྷ་ཁང་དེ་ ས་གནས་ཆུ་འཛོམས་ལས་ སྤ་རོ་རྫོང་ཁག་ལུ་འོང་པའི་ལམ་ཁར་ ཀི་ལོ་མི་ཀྲར་དག་པ་ཅིག་གི་ས་ཁར་ཆགས་ཏེ་ཡོདཔ་ཨིན། རྟ་མཆོག་སྒང་ལྷ་ཁང་། ༉ རིན་སྤུངས་ཆ་འདུས་ རྡོ་དཀར་རྒེད་འོག་རྟ་མཆོག་ས་ཁོངས་ནང་ལུ་ཆགས་ཏེ་ཡོད་པའི་ རྟ་མཆོག་སྒེར་དབང་ལྷ་ཁང་དེ་ སྤ་རོ་ལས་ཐིམ་ཕུག་འགྱོ་སའི་གཞུང་ལམ་ ཆུ་འཛོམས་མ་ལྷོདཔ་ཅིག་གི་ས་ཁར་ གཞུང་ལམ་ལས་སྐར་མ་ ༥ འདེ་ཅིག་ རྐང་ཐང་འབད་འགྱོ་དགོ་པའི་ས་ཁར་ཆགས་ཏེ་ཡོདཔ་ཨིན། སྤ་གྲོ་ལུང་པའི་མདོ་སྲུང་རྟ་མཆོག་ནོར་བུ་སྒང་གི་གཙུག་ལག་ཁང་འདི་ དུས་རབས་ ༡༤ པའི་ནང་གྲུབ་ཐོབ་ལྕགས་བཟོ་པ་ཐང་སྟོང་རྒྱལ་པོ་གིས་གདན་ས་བཅགས་གནང་ནུག ཧེ་མ་གྲུབ་ཐོབ་རིན་པོ་ཆེ་ འཕུར་རྡོ་དགོན་པ་ལས་མར་གཟིགསཔ་ད་ ད་རེས་ལྷ་ཁང་ཡོད་སའི་ས་ཆ་འདི་ སྟེང་གནམ་གྲུ་གསུམ་དང་ འོག་ས་གྲུ་གསུམ་ དྲག་པོ་ཁྲོ་བོའི་དཀྱིལ་འཁོར་རང་བྱུང་སྦེ་གཟིགས་པའི་ཁར་ ཉིནམ་ཅིག་གྲུབ་ཐོབ་རིན་པོ་ཆེའི་གཟིགས་སྣང་ལུ་ ལྷོ་ནུབ་ཟངས་མདོག་དཔལ་གྱི་རི་བོ་ལས་ ཨོ་རྒྱན་གུ་རུ་རིན་པོ་ཆེ་རྟ་མཆོག་བྷ་ལ་ཧ་ཡི་གུར་ཆིབས་ཏེ་ ས་གནས་འདི་ནང་ལུ་ཆགས་པའི་ཤུལ་ གྲུབ་ཐོབ་ལུ་ལུང་བསྟན་དེ་སྦེ་གནང་ནུག་ ཨོ་རྒྱན་ཐུགས་སྤྲུལ་ལྕགས་ཟམ་པ་ ཁྱོད་ཀྱི་ས་གནས་འདི་ཁར་སྤ་གྲོ་ལུང་པའི་མདོ་སྲུང་ སའི་མེ་རྩ་གཙུག་ལག་ཁང་ཅིག་བཞེངས་པ་ཅིན་ མ་འོངས་པར་གནས་འདི་ནང་ཁྱོད་རའི་བུ་བརྒྱུད་དང་ཆོས་བརྒྱུད་དར་བའི་ཁར་ གནས་འདི་ལ་འབྲེལ་བ་ཐོགས་པའི་སྐྱེ་བོ་རྣམས་ ཕྱི་མ་བདེ་བ་ཅན་གྱི་ཞིངས་ཁམས་སུ་སྐྱེ་འོང་ཟེར་ བསླུ་མེད་རྡོ་རྗེའི་གསུང་གི་ལུང་བསྟན་གནངམ་ལས་བརྟེན་ གྲུབ་ཐོབ་རིན་པོ་ཆེས་གདན་ས་བཏབ་གནང་གནངམ་ཨིན་པས། དེ་ལས་གྲུབ་ཐོབ་པའི་སྲས་མོན་པ་བདེ་བ་བཟང་པོས་བདག་འཛིན་མཛད་འདི་ ཁོ་རའི་བུ་བརྒྱུད་རྟ་མཆོག་ཆོས་རྗེ་རིམ་བྱོན་གྱི་བཞུགས་གནས་འབད་ ད་ཚུན་ཆོས་རྗེ་རིམ་བྱོན་གྱི་སྒེར་དབང་གཙུག་ལག་ཁང་སྦེ་མ་ཉམས་པར་ཡོད་ གནས་འདི་ རྟ་ཕག་ཡབ་ཡུམ་གྱི་དཀྱིལ་འཁོར་ཨིནམ་མ་ཚད་ གྲུབ་ཐོབ་རིན་པོ་ཆེ་ཟད་པ་སའི་ཏིང་ངེ་འཛིན་ལུ་བཞུགས་པའི་རྡོའི་ཁྲི་དང་ རྟ་མཆོག་བྷ་ལ་ཧའི་ཞབས་རྗེས་གུར་བཞེངས་པའི་ཁང་བཟང་མཆོད་རྟེན་བྱིན་ཅན་ ལྷ་ཁང་གི་ཐོག་དང་པོ་ལུ་སྤྲུལ་སྐུ་འཛིང་གི་ཕྱག་བཟོ་ ཆོས་ལོངས་སྤྲུལ་གསུམ་གྱི་སྐུ་སྨན་འཇིམ་ལས་ གྲུབ་པའི་གཙོ་བོ་སྟོན་པ་ཤཱཀྱ་ཐུབ་པའི་སྣང་བརྙན་སྨོན་ལམ་གང་བཏབ་ཐེབས་པ་ བར་ཐོག་མགོན་པོ་ཕྱག་དྲུག་པ་དང་ མ་གཟའ་དམ་གསུམ་གྱི་མགོན་ཁང་ ཐོག་གསུམ་པར་དཔལ་མོ་ལུགས་ཀྱི་བཅུ་གཅིག་ཞལ་དང་ རྒྱལ་པོ་ལུགས་ཀྱི་བཅུ་གཅིག་ཞལ་ རྗེ་གྲུབ་ཐོབ་དང་སྲས་བདེ་བ་བཟང་པོའི་སྐུ་བརྙན་ གྲུབ་ཐོབ་ཀྱི་ཕྱག་བཟོ་ལྕགས་འཐག་དང་ ཕྱག་མཁར་ རྗེ་ཡོན་ཏན་མཐའ་ཡས་ཙཱ་རི་བསྐོར་བའི་ཕྱག་མཁར་སོགས་མཇལ་ནི་ཡོད་ཟེར་ཞུ་ནི་ཨིན། ལྷ་ཁང་གཡས་ཁ་ཐུག་སྐར་མ་ལྔ་འདེ་ཅིག་ཁ་ཡར་བལྟ་སྟེ་འགྱོཝ་ད་ སྲས་བདེ་བ་བཟང་པོ་དང་ ཁོ་གི་སྲས་ཐུགས་རྗེ་བཟང་པོའི་སྒྲུབ་ཕུག་ མཁའ་འགྲོ་གསང་བའི་བྲག་ཕུག་ཡོད་ ཨིན་རུང་འདི་ནང་ད་རེས་ཆོས་སྐྱོང་རཱ་ཧུ་ལའི་གཟའ་ཁང་ཨིནམ་ལས་ མཇལ་ཁ་གནང་ནི་མེདཔ་ཨིན་པས་ དེ་ལས་ལྷ་ཁང་གི་མདུན་ཕྱོགས་གཡོན་ཁ་ཐུག་ལུ་ཡོད་པའི་ལྕགས་ཟམ་འདི་ མི་དབང་འབྲུག་རྒྱལ་བཞི་པ་འཇིགས་མེད་སེང་གེ་དབང་ཕྱུག་མཆོག་ནས་ ཧེ་མ་དུས་རབས་བཅུ་བཞི་པའི་ནང་གྲུབ་ཐོབ་རིན་པོ་ཆེ་ནས་ རང་རེའི་རྒྱལ་ཁབ་འདི་ནང་ཞབས་ཀྱིས་བཅགས་ བྱིན་གྱིས་བརླབས་ཏེ་ ལྕགས་ཟམ་བརྒྱད་བཏགས་གནང་མི་ཚུ་གེ་ར་ཉམས་སོངམ་ལས་ གྲུབ་ཐོབ་ཀྱི་ལྕགས་འཐག་ཚུ་གཅིག་ཁར་བསྡོམས་ཏེ་ བཀྲིན་དྲན་གསོ་བཟུམ་ཅིག་འབད་ སྤྱི་ལོ་ ༢༠༠༥ ལུ་བཏགས་གནང་གནངམ་ཨིན་པས། ང་བཅས་ར་སྐྱེ་བོ་ཕོ་མོ་ག་ར་འབད་རུང་ ཉིནམ་གཅིག་ལུ་ སྨད་ སྤ་གྲོ་རྟ་མཆོག་གི་ཇོ་བོ་དང་ བར་ སྐྱིད་ཆུ་ཇོ་བོ་ སྟོད་ ལྷ་ལྡིང་ཇོ་བོ་གསུམ་མཇལ་ཚུགས་པ་ཅིན་ ཕྱི་མ་ངན་སོང་ལུ་རྡོག་པ་གི་འཕུལ་རུང་མི་འགྱོ་ཟེར་བཤད་སྲོལ་འདུག་ཟེར་ཞུ་ནི། ལྷ་ཁང་དེ་ད་ལྟོ་ སྒེར་དབང་ཐོག་ལས་ རྟ་མཆོག་ཆོས་རྗེ་རིམ་བྱོན་གྱི་མི་བརྒྱུད་ཚུ་ནས་ བདག་འཛིན་དང་འཛིན་སྐྱོང་འཐབ་ཡོདཔ་མ་ཚད་ ལྷ་ཁང་གི་ཉམས་གསོ་ལས་སྣ་ཡོད་མི་ཚུ་ཡང་ སྦྱིན་བདག་ཁོང་རང་གིས་རང་ འགོ་འདྲེན་འཐབ་སྟེ་ལག་ལེན་འཐབ་དོ་ཡོདཔ་ཨིན་པས་ཟེར་ཞུ་ནི་ཨིན་ལགས།