སྐྱིད་ཆུ་ལྷ་ཁང་།

སྐྱིད་ཆུ་ལྷ་ཁང་།

སྐྱིད་ཆུ་ལྷ་ཁང་གི་ཆགས་རབས་མདོར་བསྡུས།

༉ སྤ་རོ་སྐྱིད་ཆུ་ལྷ་ཁང་འདི་ དུས་རབས་ ༧ པ་སྤྱི་ལོ་ ༦༤༩ ནང་ཆོས་རྒྱལ་སྲོང་བཙན་སྒམ་པོས་ཉིནམ་གཅིག་ལུ་ མཐའ་འདུལ་ཡང་འདུལ་ གཙུག་ལག་ཁང་བརྒྱ་དང་རྩ་བརྒྱད་བཞེངས་གནང་མི་གྲལ་ལས་ ང་བཅས་འབྲུག་རྒྱལ་ཁབ་ནང་ལུ་ཡང་གཉིས་བཞེངས་གནང་ནུག་ དེ་ཚུ་བཞེངས་གནང་དགོ་མི་འདི་ཡང་ དཀར་ཆོས་ལ་གནོད་པ་བཀལ་མི་བདུད་འདི་གིས་ ལུས་ཆེན་སྤྲུལ་སྦེ་འབད་གཟི་བརྗིད་སྟོན་དུས་ ཆོས་རྒྱལ་རིན་པོ་ཆེ་ནས་ བདུད་མོ་འདི་ཡི་ལུས་ཀྱི་ཆ་ཤས་ལས་གཅིག་ འབྲུག་རྒྱལ་ཁབ་ནང་ཕོགས་ཡོད་པ་ལས་ བདུད་མོ་འདིའི་རྐངམ་གི་རྟིངམ་ལུ་ སྤ་རོ་སྐྱིད་ཆུ་ལྷ་ཁང་འདི་བཞེངས་གནང་ནུག།

གཙུག་ལག་ཁང་འདི་ནང་གི་ ནང་རྟེན་གཙོ་བོ་ཚུ་ཡང་ སྨོན་ལམ་ག་བཏབ་འཐུས་ཚུགས་པའི་ཇོ་བོ་ཤཱཀྱ་མུ་ནི་གི་སྐུ་འདྲ་བྱིན་ཅན་བཞེངས་གནང་ཡོད་མི་དེ་ ད་ལྟོ་བར་ན་ཡང་སྐྱིད་ཆུ་ལྷ་ཁང་ནང་མཇལ་ནི་ཡོདཔ་ཨིན།

གཙུག་ཁང་འདི་ནང་གཏེར་ཁ་ མའདྲཝ་ལེ་ཤཱ་ཡོད་པའི་སྐོར་ལས་ ཨྱོན་རིན་པོ་ཆེའི་བཀའ་ཐང་བསྡུས་པའི་ནང༴ ལྷོ་ཡི་སྐྱིད་ཆུ་ལྷ་ཁང་ནང་།། ཆོས་དང་ནོར་གྱི་གཏེར་ཞིག་སྦས།། སྐྱིད་ཆུ་ལྷ་ཁང་གི་གཙོ་བོའི་ཐུགས་ཀ་ནས།། རིན་པོ་ཆེའི་པ་ཏྲ་འཁྱིལ་བ་ཅིག་ཡོད།། དེའི་འོག་སོར་བཞི་བྲུས་པར་ཟང་སྦུ་ཅིག་ནང།། རྒྱུད་སྡེ་སྣོད་ཀྱི་འབུམ་ཞེས་བྱ་བ་དང་།། སྡེ་སྣོད་ཀུན་འབྱུང་ཞེས་པ་གཉིས།། ཤོག་བུ་དྲིལ་བ་ལ་བྲིས་ན་ཡོད་དོ།། ཟེར་གསུང་ཡོད་པ་ལས་སྐྱིད་ཆུ་ལྷ་ཁང་འདི་ སྔོན་སྲོང་བཙན་སྒམ་པོས་ཕྱག་བཏབ་པ་ལས་ལྷགཔ་སྦེ་ སྨན་ལྗོངས་སྐྱེ་འགྲོ་ཡོངས་ཀྱི་བསོད་ནམས་སྤྱི་མཐུན་ལས་གྲུབ་པའི་ མཁའ་འགྲོ་རྡོ་རྗེ་ཕག་མོའི་རྣམ་སྤྲུལ་ཆོས་རྒྱལ་ཡིད་བཞིན་ནོར་བུ་ དཔལ་མི་དབང་འབྲུག་བཞི་པ་འཁྲུངས་པའི་ཡུམ་མཆོག་དམ་པ་ མི་དབང་རྒྱལ་ཡུམ་ཨ་ཞེ་སྐལ་བཟང་ཆོས་སྒྲོན་དབང་ཕྱུག་མཆོག་གི་སྐྱིད་ཆུ་ལྷ་ཁང་འདི་ ཕྱི་ནང་གཉིས་ཆ་ར་ཉམས་བཅོས་མཛད་གནང་བ་མ་ཚད་ རྒྱལ་ཁབ་ཞི་བདེ་གནས་ཐབས་ལུ་ ཡུམ་རིན་པོ་ཆེ་ནས་ ཨྱོན་རིན་པོ་ཆེའི་སྐུ་འདྲ་བསམ་ཡུལ་ལས་འདས་པ་བཞེངས་གནང་བ་མ་ཚད་ གཞན་གཙུག་ལག་ཁང་དེ་དང་འབྲེལ་བའི་ ཉམས་གསོའི་ཕྱག་ལཱ་ཚུ་བསམ་ཡུལ་ལས་འདས་པ་སྦེ་ མཛད་དེ་ཡོད་ཟེར་ཞུ་ནི།

" "
སྐྱིད་ཆུ་ལྷ་ཁང་དེ་ སྤ་རོ་ཁྲོམ་ལས་ ཀི་ལོ་མི་ཀྲར་གཉིས་དེ་ཅིག་ས་ཁར་ཆགས་ཏེ་ཡོདཔ་ཨིན།