བྱ་འོག་སྐརམ་ཉ་རུ།
༉ རིན་སྤུངས་ཆ་འདུས་ རྡོ་དཀར་རྒེད་འོག་ ༡. ཁམ་བྲག་དང་- ས་ལི་ ༢. དགོན་ས་ཁ་- ཕུག་ཆེ་ཁ་ ༣. ཟླ་བ་ཁ་- ཚོང་ཁ་ ༤. དབུས་སུ་- མན་དྲལ་བཅས་སྤྱི་འོག་༤ འི་གཡུས་ཚན་ཚུ་ནང་ ལོ་བསྟར་བརྩི་སྲོལ་ཡོད་པའི་བྱ་འོག་སྐརམ་ཉ་རུ་ཟེར་མི་འདི་ རྒེད་འོག་འདི་ནང་ ལོ་གཅིག་གི་དུས་སྟོན་སྦོམ་ཁྱད་པར་ཅན་ཅིག་སྦེ་བརྩི་སྲུང་ཞུ་དོ་ཡོདཔ་ཨིན་པས།
དེ་ཡང་ ལོ་བསྟར་བཞིན་ རང་ཟླ་༡༠ པའི་ ཚེས་༡༥ ལས་ ༡༧ ཚུན་ ཉིན་གྲངས་གསུམ་གྱི་རིང་ བརྩི་སྲུང་ཞུ་དོ་ཡོདཔ་ཨིན་པས་ དཔྱེ་གཏམ་ལས་ཡང་ ལུང་པ་རེ་ལ་ལུགས་སྲོལ་རེ་ཟེར་དོ་བཟུམ་སྦེ་ རྡོ་དཀར་རྒེད་འོག་གི་བྱག་འོག་སྐརམ་ཉ་རུ་དེ་ཡང་ སྔོན་དང་ཕུག་ཕ་མའི་སྐབས་ལས་རང་ བརྩི་སྲུང་ཞུ་དོ་ཡོད་མི་འདི་ དུས་ ད་ལྟོ་བར་ན་ཡང་ ལམ་སྲོལ་ཚུ་མ་ཉམས་པར་ སྔར་བ་ལྷགཔ་སྦེ་ སྤྲོ་བ་དང་ དང་སྣང་བསྐྱེད་དེ་བརྩི་སྲུང་ཞུ་དོ་ཡོདཔ་ཨིན་པས།
བྱག་འོག་སྐརམ་ཉ་རུ་ཟེར་སླབ་དགོ་མི་འདི་ ཡིག་ཐོག་ལུ་བཀོད་བཀོདཔ་ག་ནི་ཡང་མེད་དེ་འབད་རུང རྡོ་དཀར་རྒཔོ་ ལྷབ་ཚེ་རིང་གིས་ངག་རྒྱུན་ལས་བཤད་དོ་བཟུམ་འབད་བ་ཅིན་ ཟླཝ་བཅུ་པའི་ཚེས་༡༥ ལུ་ ཟླཝ་ཉ་གངམ་ཟེར་ ཟླཝ་དེ་ཉ་གངམ་ཨིནམ་དང་ ཟླཝ་དེ་ནང་ ཁྱིམ་ནང་ཆོ་གུ་གཏང་རུང་ གཡང་བསྒུག་ལེགས་ཤོམ་བཀུག་ཚུགས་པའི་བཤད་པ་ བཤད་ནི་ཡོདཔ་ཨིན་པས།
གཏམ་བརྒྱུད་ཅིག་ལས་འབད་བ་ཅིན་ དུས་ དང་ཕུག་ རྡོ་དཀར་གྱི་མི་སེར་ཚུ་ ཚོང་བཏོན་པར་ ཆུ་ཁ་རྫོང་ཁག་ དཔག་བསམ་ཁ་ལུ་འགྱོ་དོ་ཡོདཔ་དང་ ཚོང་བཏོན་པ་འགྱོ་མི་འདི་ བྱག་འོག་ལོག་ བསྟན་ཆོས་ཁ་ ཕུག་ཆེ་ཁ་སྤྱི་འོག་གི་ཚོང་པ་ཨིནམ་ད་ དེ་སྒང་ ད་རེས་ནངས་པ་བཟུམ་སྦེ་སྣུམ་འཁོར་ལམ་མེདཔ་ལས་ ཁོང་ཚོང་པ་ཚུ་ ཞག་ལམ་ཁར་ཉལ་ཏེ་འགྱོ་དོ་ཡོདཔ་ཨིན་པས་ ཉིནམ་གཅིག་འབདཝ་ད་ ཚོང་པ་ཅིག་གིས་ ང་བཅས་ཨ་རྟག་རང་རྐང་ཐང་སྦེ་འགྱོ་རུང་ ཟླཝ་དང་སྐརམ་དེ་ གཅིག་ཁར་སྦེ་མཐོང་རང་མ་མཐོང་ ད་རེས་ཟླ་༡༠ པའི་ཚེས་༡༥ ལུ་བལྟ་དགོ་པས་ཟེར་སླབ་ཡོདཔ་ལས་ དེ་སྒང་ ཀྲིག་ཀྲིག་ཚོང་པ་དེ་ ཚོང་བཏོན་འབག་འོང་སྟེ་ ཁོ་རའི་གཡུས་ བྱ་འོག་ལོག་ལུ་ལོག་ལྷོད་ཡོདཔ་ཨིན་པས།
ཉིནམ་དེའི་ཕྱི་རུ་ ཟླཝ་དེ་དང་སྐརམ་དེ་ གཅིག་ཁར་མཐོང་ཡོདཔ་ལས་ ཚོང་པ་དེ་གིས་ དུས་ཚོད་དེ་ ཨ་རྟག་དང་མ་འདྲཝ་ཁྱད་པར་ཅན་ཅིག་ཨིན་མས་ དུས་དེ་ལུ་ ང་བཅས་རང་ གཡུས་ཁ་གི་གནས་བདག་ གཞི་བདག་དང་ ལྷ་མཆོད་ཚུ་ ཉིནམ་དེ་ནང་མཆོད་པ་ཅིན་ལེགས་ཤོམ་འོང་ནི་མས་ཟེར་སླབ་ལས་ དུས་དེ་ལས་བཟུང་ སྤྱིར་གཏང་རྡོ་དཀར་རྒེད་འོག་དང་ ལྷག་པར་བྱག་འོག་གི་མི་སེར་ཚུ་གིས་ རང་ཟླ་༡༠ པའི་ཚེས་༡༥ དེ་ དུས་སྟོན་སྦོམ་གཅིག་སྦེ་བརྩི་སྲུང་ཞུ་ནི་འགོ་བཙུགས་མི་དེ་ ད་རིས་ནངས་པ་ཡང་ བྱག་འོག་གི་མི་སེར་དང་ བྱག་འོག་གཡུས་ཚན་ལས་ཨིན་མི་ ཐག་རིང་ས་གི་ཞི་གཡོགཔ་ཚུ་ག་རང་ ཚེས་༡༤ ལས་གཡུས་ཁ་ལུ་འཛོམས་ཏེ་ བྱག་ན་དགོནམ་གྱི་གནསཔོ་འདི་ མཆོད་དོ་ཡོདཔ་ཨིན་པས།
ཚེས་༡༥ ལུ་ ཧེ་མ་ ཁམ་བྲག་ས་ལི་སྤྱི་འོག་མི་སེར་བཟུམ་ཅིག་འབད་བ་ཅིན་ དྲོ་པ་ཚུ་ཚོད་༥ ལས་ལོང་ གཡུས་ཁ་གི་མི་རྒན་ཤོས་ཆོསཔ་གཅིག་གིས་གྲོ་བཏབ་ཟེར་ དྲོ་པ་ལོང་ གཏོརམ་བཞེངས་ ཨོ་ལ་ཕྱག་འཚལ་ལོ་ཟེར་འབོ་ཅི་རང་ ཡུལ་ལྷ་མཆོད་དོ་ཡོདཔ་ཨིན་རུང་ ད་རིས་ནངས་པ་འབད་བ་ཅིན་ ལྷ་བསང་ཁྲུས་གསོལ་འབད་དེ་ གཡུས་ཁ་གི་ཁྱིམ་གུང་པ་རེ་རེ་བཞིན་དུ་གི་ཁྱིམ་ཐོག་ཁར་ ཕྱག་དང་ཧུར་རྐྱབ་ མར་ཆང་དྲང་སྟེ་ ལྷ་དར་གསརཔ་འཕྱརཝ་ཨིན་མས་ ཉིནམ་དེ་ལུ་གཟའ་སྐར་ཟེར་ཡང་ བལྟ་མ་དགོ་པ་དར་ཤིང་འཕྱརཝ་ཨིན་མས།
དེ་གི་ཤུལ་ལས་ རང་གི་གཡུས་ཁ་གི་གནས་བདག་གཞི་བདག་ཚུ་མཆོདཔ་ཨིན་པས་ དེ་ཚུ་ མཆོདཔ་དང་ཡང་ གཡུས་ཁ་གི་ཁྱིམ་གུང་པ་རེ་ལས་མི་རེ་འོང་སྟེ་ ཁོང་ཚུ་གིས་ ལྟོ་དང་པགས་འབག་སྟེ་ མི་རྒན་ཤོས་ཆོསཔ་ཅིག་དང་གཅིག་ཁར་འགྱོ་སྟེ་མཆོད་དགོཔ་དང་ མི་རྒན་ཤོས་དེ་ལུ་ཕྱག་འགྱེདཔ་གི་འཐུས་ ཧེ་མ་འབད་བ་ཅིན་ ཤ་འདི་ཚུ་བྱིནམ་ཨིན་རུང་ ད་རིས་ནངས་པ་འབད་བ་ཅིན་ ཏི་རུ་དང་ཤ་གཉིས་ཆ་རང་བྱིན་དོ་ཡོདཔ་ཨིན་མས་ དེ་ལས་ ཉི་མ་ལྟོ་བཟའ་ཞིནམ་ལས་ གཡུས་ཁ་གི་མི་ཡོད་ཚད་ཅིགཔ་ དགྲ་ལྷ་ ལྷ་ཁང་ནང་འགྱོ་སྟེ་ བླམ་ སློབ་དཔོན་ཅིག་གིས་ཆོ་གུ་གཏང་སྟེ་ དགྲ་ལྷ་གསོལཝ་ཨིན་མས།
དགྲ་ལྷ་གསོལ་ནིའི་ལས་རིམ་དེ་མཇུག་བསྡུ་སྦེ་ ག་ར་རང་སོའི་ཁྱིམ་ནང་འགྱོ་ ལྟོ་འབད་ པགས་བཙོ་ ཤིང་འབྲས་དེ་ཚུ་ཡང ་མ་ཚང་ཚངམ་སྦེ་བསྒྲིགས་ཏེ་ ཕྱི་རུ་གནམ་བསྲོ་སྟེ་ ཟླཝ་འཐོནམ་ཅིག་ མཆོད་ཤམ་གྱི་སྒོ་སྒྲིག་ཕྱི་བཞག་སྦེ་ ཚོགས་འདི་ཚུ་ག་རང་པད་སྡེར་ནང་བླུགས་ཏེ་ མཆོད་གཤམ་སྒོ་སྒྲིག་རྩ་བར་ལྕོག་སྒྲོམ་ཁེབས་རྐྱབ་སྦེ་ ཟླཝ་ལུ་ཚོགས་དྲངམ་ཟེར་ ཚོགས་དང་ཟས་མ་འདྲཝ་ཚུ་ག་ར་དེ་གུ་བསྐྱལ་ དཀར་མེ་ཕུལ་སྦེ་ ཟླཝ་དེ་ ལ་ལས་འཐོནམ་ཅིག་ཕྱག་འཚལ་སྦེ་ ལོ་གཅིག་གི་བར་ཆད་སེལ་ནིའི་དོན་ལུ་ སྨོན་ལམ་དང་གསོལཝ་བཏབ་སྲོལ་ཡོདཔ་ཨིན་མས་ ཉིནམ་དེ་ནང་ལུ་ ཁྱིམ་ནང་གི་བཟའ་ཚང་ག་ར་འཛོམས་སྦེ་ ཟས་གསརཔ་ག་ཅི་ཡོད་རུང་ ཉིནམ་དེ་ལུ་བཟའ་ནི་དང་ ཕྱི་ཁ་ལས་མགྱོནམ་དང་པ་འོང་མི་ལུ་ཡང་ ལྟོ་བང་ཅུང་གང་ ཕག་པའི་ཤ་ ཤག་གཅིག་དང་ རྒྱུ་མ་ཚུ་བྱིན་དགོཔ་ཨིན་མས་ དེ་མ་ཚད་ ཨ་ལོ་གསརཔ་སྐྱེས་མི་ཚུ་ལུ་ཡང་དེ་སྦེ་ཐོབ་ཨིན་མས་ དེ་ལས་ ཕྱི་རུ་ལྟོ་བཟའ་ཚར་ཞིནམ་ལས་ དྲོ་པ་གནམ་མ་ལང་ཚུན་ གཡུས་ཁ་གི་ཕོ་རྒྱས་གཞོནམ་དང་ རྒན་ཤོས་ཚུ་གིས་ ཁྱིམ་རེ་རེ་བཞིན་དུ་བརྒྱུད་དེ་ ལོ་ལེགས་སྦྱང་དོ་ཡོད་མིའི་ཚིག་ཚུ་ཡང་ ཁྱིམ་གྱི་འོག་ཐོག་ལས་སྟེང་ཐོག་ཚུན་ ལེགས་སྨོན་གྱི་སྨོན་ལམ་དེ་ཚུ་བཏབ་སྟེ་ ཞབས་བྲོ་རྐྱབ་སྦེ་ལས་རིམ་ཚུ་མཇུག་བསྡུཝ་ཨིན་མས།
དེ་ལས་ ཟླ་བ་ཁ་ཚོང་ཁ་སྤྱི་འོག་ནང་བཟུམ་ཅིག་འབད་བ་ཅིན་ ཁོང་གི་གཡུས་ཚན་ནང་ ཁྱིམ་ཐོག་ཁ་གི་ལྷ་དར་དེ་འཕྱར་སྲོལ་མེད་རུང་ གཡུས་ཚན་ནང་གི་ ཁྱིམ་རེ་རེ་ནང་ལས་མི་རེ་འཐོན་ཏེ་ ལ་ལུ་གིས་གནསཔོ་མཆོད་ ལ་ལུ་ཅིག་གིས་མཚམས་ཤིང་བཏོག་པར་འགྱོ་དགོ་དོ་ཡོདཔ་ཨིན་པས་ མཚམས་ཤིང་དེ་ཡང་སྐྱོན་མ་པ་ལས་མེད་མི་ཅིག་བཏོག་སྦེ་ ཕྱི་རུ་ཚུ་ཚོད་༧ དང་༨ འདེ་ཅིག་ཁར་གཡུས་ཁའི་མི་དེ་ཚུ་ག་ར་འཛོམས་སྨོན་ལམ་བཏབ་སྦེ་ མཚམས་ཤིང་དེ་ཡར་ལྷོངམ་དང་ སྐྱོན་ག་ནི་ཡང་མེད་པར་ལེགས་ཤོམ་སྦེ་འགྱོ་བ་ཅིན་ ལོ་གཅིག་ལུ་ གཡུས་ཁ་ལུ་རྐྱེན་ངན་བར་ཆད་དེ་ཚུ་ག་ནི་ཡང་མི་འོང་ཟེར་བརྩི་དོ་ཡོདཔ་དང་ གལ་སྲིད་ རྐྱེན་རེ་བྱུང་པ་ཅིན་ ལོ་གཅིག་གི་ནང་འཁོད་ལུ་ གཡུས་ཁ་ལུ་བར་ཆད་བྱུང་འོང་ཟེར་བའི་རྣམ་རྟོག་བསྐྱེད་སྲོལ་ཡོདཔ་ཨིན་པས་ དེ་བཟུམ་སྦེ་ གཞན་མི་སྤྱི་འོག་༢ མགོན་ས་ཁ་ ཕུག་ཆེ་ཁ་དང་ དབུས་སུ་ མན་དྲལ་ལུ་ འབད་བ་ཅིན་ རང་སོའི་གནས་བདག་གཞི་བདག་ཚུ་མཆོད་ ཆོ་གུ་འདི་ཚུ་གཏང་སྦེ་ ལོ་ལེགས་སྦྱང་སྲོལ་ཡོདཔ་ཨིན་པས་ཟེར་ཞུ་ནི།
དེ་ལས་ཚེས་༡༦ དང་༡༧ ལུ་འབད་བ་ཅིན་ གཡུས་ཁ་གི་མི་ཚུ་ག་ར་འཛོམས་པའི་དགའ་ཚོར་ལུ་ ཕོ་རྒྱས་ཚུ་གིས་མདའ་རྐྱབ་ ཨམ་སྲུ་ཚུ་གིས་བཞེས་སྒོ་འབད་དེ་ སྤྲོ་བཏོན་གྱི་རྩེདམོ་རྩེད་སར་འབག་འོང་སྟེ་ བཟའ་ འཐུང་སྦེ་ སྤྲོ་བ་བཏོན་པའི་ཤུལ་ལུ་ བྱག་འོག་སྐརམ་ཉ་རུའི་ ཉིནམ་གསུམ་གྱི་ལས་རིམ་དེ་ མཇུག་བསྡུ་དོ་ཡོདཔ་ཨིན་མས་ཟེར་ཞུ་ནི།
དྲན་གསོ༴
ཞིབ་འཚོལ་དེ་ཚུ་ ཡིག་ཐོག་ལུ་བཀོད་བཀོདཔ་མེདཔ་ལས་བརྟེན་ ངག་རྒྱུན་ལས་བཤད་མི་རྐྱངམ་ཅིག་ལུ་ གཞི་བཞག་སྟེ་བྲིས་ཡོདཔ་ཨིན་ཟེར་ཞུ་ནི།
ངག་རྒྱུན་ཞིབ་འཚོལ་གྱི་ཁུངས་གཏུགས་ས༴ ༡. རྡོ་དཀར་རྒཔོ་ལྷབ་ཚེ་རིང་།
ཞིབ་འཚོལ་སྙན་ཞུ་བསྡུ་བསྒྲིགས་པ༴ སྲོལ་འཛིན་འགོ་དཔོན་གཙོ་བོ།