༉ ཨོ་རྒྱན་རིན་པོ་ཆེ་མཆོག་ནས་ གསོལ་འདེབས་ལེའུ་བདུན་མ་ལས། སྟག་ཚང་སེང་གེ་བསམ་གྲུབ་ཀེའུ་ཚང་དུ།། གདུག་པའི་མུ་སྟེགས་བདུད་དང་དམ་སྲི་བཏུལ།། གནས་ཆེན་གངས་བྲག་རྣམས་ལ་གཏེར་ཆེན་སྦས།། མ་འོངས་སྙིགས་མའི་སེམས་ཅན་ཐུགས་རྗེས་གཟིགས།། རྡོ་རྗེ་གྲོ་ལོད་ཞབས་ལ་ཕྱག་འཚལ་ལོ།། ཞེས་པའི་ཚིག་གིས་མདུན་བསུས་ནས་ ང་བཅས་རའི་རྒྱལ་ཁབ་ནང་ སངས་རྒྱས་གཉིས་པ་ ཨྱོན་གུ་རུ་རིན་པོ་ཆེ་མཆོག་གི་སྦས་གནས་ཁྱད་པར་ཅན་མང་རབས་ཅིག་ཡོད་པའི་ནང་ལས་ སྟག་ཚང་དཔལ་ཕུག་འདི་བྱིན་ཅན་དང་ ཁྱད་དུ་འཕགས་པའི་གནས་མཆོག་འབདཝ་ལས་ དད་ཅན་བསོད་ནམས་བསགས་པའི་རྟེན་གྱི་མཆོག་བླ་ན་མེད་པ་ཅིག་ཨིན། དེ་ཡང་དུས་རབས་༨ པའི་ནང་ཨྱོན་གུ་རུ་རིན་པོ་ཆེ་མཆོག་སྟག་ཚང་ལུ་བྱོན་ནས་ བདག་འདྲ་པདྨ་བདུད་འཇོམས་ངས།། མ་འོངས་འགྲོ་བློའི་མུན་ཁམས་སུ།། ཕན་བདེའི་ཉི་མ་འཆར་བའི་ཕྱིར།། སྟག་ཚང་བསམ་གྲུབ་ཀེའུ་ཚང་དུ།། རང་གི་སྒྲུབ་པ་རང་གིས་བྱས།། བསྟན་པ་མི་ནུབ་དར་རྒྱས་ཕྱིར།། མི་འགྱུར་རྡོ་རྗེ་གཏེར་དུ་སྦས།། ཞེས་གསུངས་པ་ལྟར་དུ་ གུ་རུ་རིན་པོ་ཆེ་རྡོ་རྗེ་གྲོ་ལོད་ཀྱི་སྐུར་བཞེངས་པའི་སྐབས་སུ་ མོན་མོ་བཀྲིས་ཁྱེའུ་སྒྲོན་ཡང་ སྐུ་ལུས་འདོད་གུར་བསྒྱུར་བས་སྟག་མོའི་ཚུལ་དུ་སྤྲུལ་ནས་ཆིབས་ཀྱི་རྣམ་པར་མཛད་དེ་ གདུག་པའི་མུ་སྟེགས་བདུད་དང་དམ་སྲི་ཐམས་ཅད་ག་ར་བཏུལ་ སྡེ་ ༨ དྲེགས་པ་ཅན་ཚུ་གི་སྲོག་སྙིང་བཞེས་ཏེ་ དམ་ལ་བཏགས་ ཡོ་ག་གསུམ་དང་འབྲེལ་བའི་ཆོས་འཁོར་ཟབ་རྒྱས་དཔག་ཏུ་མེད་པ་ཞིག་ རྒྱས་བཏབ་སྟེ་གཏེར་དུ་སྦས་ དེ་ལས་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས་གུ་རུ་རིན་པོ་ཆེ་མཆོག་ལུ་ གསང་སྔགས་ཉམས་སུ་བླང་ཚུལ་དང་ སངས་རྒྱས་ཚེ་དཔག་མེད་ཀྱི་ཞལ་གཟིགས་ཚུལ་ཞིབ་ཞིབ་སྦེ་ཞུཝ་ད་ གུ་རུ་རིན་པོ་ཆེ་ཐུགས་གནམ་མེད་ས་མེད་དགྱེས་ཏེ་ ཕྱག་གཡས་པ་ཡེ་ཤེས་མཚོ་རྒྱལ་གྱི་དབུ་གུ་བཞག་སྟེ་གསུངས་ཡོད་མི་དེ་ཡང་ བུ་མོ་ཁྱོད་རང་གནས་འདིར་ཡོ་ག་ཚེའི་རིག་འཛིན་སྒྱུབ་པའི་དུས་ལུ་བབས་འདུག་ གུ་རུ་ང་ཡིས་ཚེ་དཔག་མེད་ཀྱི་དཀྱིལ་འའཁོར་ཞལ་ཕྱེས་ནས་དབང་བསྐུར་ནི་ཨིན་ ཁྱོད་རང་ཚེའི་རྟེན་དུ་དཔའ་བོ་ཞིག་འཚོལ་ཞིག་ མོན་གྱི་བུ་མོ་་བཀྲིས་ཁྱེའུ་སྒྲོན་འདི་ལུ་ ཡེ་ཤེས་པའི་མཁའ་འགྲོ་རྡོ་རྗེ་ལས་མའི་མཚན་རྟགས་ཚང་པ་ཞིག་འདུག་པས་ ང་ལུ་ཕུལ་དང་ ངས་གསང་སྔགས་རྡོ་རྗེ་ཕུར་པའི་གཟུངས་མ་བྱེད་ནས་ རྡོ་རྗེ་གཞོན་ནུ་མའི་མན་ངག་མང་པོ་སྤེལ་དགོས་པ་འདུག་ ཅེས་གསུངསམ་ལས་ ཡེ་ཤེས་མཚོ་རྒྱལ་གྱིས་གསེར་གཡུའི་མན་དྲལ་ བུ་མོ་བཀྲིས་ཁྱེའུ་སྒྲོན་དང་བཅས་པ་གུ་རུ་ལུ་ཕུལ་ནུག་ དེ་ལས་གུ་རུ་རིན་པོ་མཆོག་གིས་སངས་རྒྱས་ཚེ་དཔག་མེད་དང་ རྡོ་རྗེ་ཕུར་པའི་རྒྱུད་བྱི་ཏོ་ཏ་མ་དང་འབྲེལ་བའི་ དཀྱིལ་འཁོར་ཨེ་ཁྲམ་བཞི་བཅུ་རྩ་གཉིས་དང་ ཕུར་པ་བདུན་ཅུ་རྩ་བརྒྱད་ཀྱི་དཀྱིལ་འཁོར་ཞལ་ཕྱེ་ནས་དབང་བསྐུར་རྫོགས་པ་གསུངས་གནང་ཡོདཔ་ཨིན། དེ་ལས་བུ་མོ་བཀྲིས་ཁྱེའུ་སྒྲོན་དང་ གུ་རུ་ཡབ་ཡུམ་༢ རྡོ་རྗེ་ཕུར་པའི་ཏིང་ངེ་འཛིན་གྱི་ངང་ལུ་ཟླཝ་ ༤ གི་རིང་ལུ་བཞུགས་པའི་སྐབས་ ཁྱད་པར་དུ་ མཐིང་ནག་རྡོ་རྗེ་ཁྲོ་ཕུར་གཅིག་ མོན་སྟག་ཚང་ལུ་འཕུར་བྱོན་ནས་ མོན་བལ་རྒྱ་གར་ཧོར་སོགས་མཐའ་འཁོབ་ཀྱི་ལྷ་སྲིན་སྡེ་བརྒྱད་དབང་དུ་བསྡུས་ནས་ དམ་ལུ་བཏགས་པའི་རྡོ་རྗེ་ཁྲོ་ཕུར་འདི་ ད་ལྟོ་ཡང་སྒྲུབ་ཁང་ནང་མཇལ་ནི་ཡོདཔ་ཨིན། མཁའ་འགྲོ་མ་མཆོག་གིས་སྒྲུབ་པ་ཐོབ་སྟེ་ སྤ་གྲོ་སྟག་ཚང་ཟབ་ལམ་སྤྱོད།། གྲོགས་གསུམ་བདེ་ཆེན་ཧེ་རུ་ཀ།། རྩ་ཐིག་རླུང་གསུམ་རང་དབང་ཐོབ།། འབྱུང་བ་ལྔ་ནི་བདག་དབང་བསྐུར།། ལུས་ངག་ཡིད་ ༣ སྐུ་གསུམ་གྱུར།། ཚེ་དཔག་མེད་ཀྱི་ལུང་བསྟན་ཐོབ།། ཕག་མོ་ཉིད་དང་དབྱེར་མ་མཆིས།། དཀྱིལ་འཁོར་ཀུན་གྱི་གཙོ་མོ་གྱུར།། ཅེས་གསུངས་པ་བཞིན་ སྤ་གྲོ་སྟག་ཚང་ལུ་གུ་རུའི་ལུང་བསྟན་དང་འཁྲིལ་ མཁའ་འགྲོ་མ་ ༢ ཀྱིས་སྒྲུབ་པ་ཐོབ་སྟེ་སྒྲུབ་རྟགས་མང་རབས་ཅིག་སྟོན་གནང་ཡོད་པའི་གནས་རྩ་ཅན་ཅིག་ཨིན། དེ་ཡང་གསོལ་འདེབས་ལས་ ཟངས་མདོག་དཔལ་གྱི་རི་བོ་ཙིཏྟའི་དབྱིབས།། རྩ་བ་ཀླུ་ཡི་རྒྱལ་པོའི་གནས་སུ་ཟུག། སྐེད་པ་ལྷུན་ཆགས་མཁའ་འགྲོའི་གནས་ན་བརྗིད།། རྩེ་མོ་ཚངས་པའི་འཇིག་རྟེན་སྙེགས་པ་འདྲ།། རི་རྒྱལ་ཁྱད་པར་ཅན་ལ་གསོལ་བ་འདེབས།། ཟེར་གསུངས་དོ་བཟུམ་སྦེ་ གནམ་འཁོར་ལོ་རྩིབས་བརྒྱད་དུ་འདུག་པ། ས་པདྨ་འདབ་བརྒྱད་དུ་འདུག་པ། དབུས་དཔལ་རྡོ་རྗེ་གཞོན་ནུ་འགྱིངས་པ་འདྲ་བའི་སྐེདཔ་གསང་ཕུག་ ཙིཏྟ་དམར་པོར་མཆོང་གུར་ཕུར་པ་འདྲ་བ་ན། ཟབ་གཏེར་དཔག་ཏུ་མེད་པས་གང་བ། གཡས་ན་ཁྲོ་ཆེན་བདུད་རྩི་འཁྱིལ་བས། སྒྲུབ་གཉིས་དག་བྱེད་ཀྱི་བདུད་རྩིའི་ཆུ་རྒྱུན་དྲག་པོར་བབས་ཅིང་། བདུད་རྩི་ཟེགས་མ་ལས་ཁྲོ་ཆུང་གྲངས་མེད་པ་འཕྲོས་པས། གདོན་བགེགས་སྐྲག་ཅིང་རེངས་པར་མཛད་པ། གཡོན་ཕྱོགས་སུ་གུ་རུ་རྡོ་རྗེ་གྲོ་ལོད་ཞལ་དངོས་སུ་གསལ་བར་བཞུགས་པ། ཕྱི་ནང་ཐམས་ཅད་རྡོ་རྗེ་ཕུར་པ་དཀྱིལ་འཁོར་དུ་བཀྲ་ ལམ་མེར་གསལ་བ་དག་པ་མཁའ་སྤྱོད་དཔལ་གྱི་རི་བོ་དང་དབྱེར་མ་མཆིས་པ་ ཐོས་པས་མོས་གུས་སྐྱེ་བ། མཐོང་བས་སྡིག་སྒྲིབ་དག་པ། སྡོད་པས་བྱང་ཆུབ་ཐོབ་པ། སྒྲུབ་པས་དངོས་གྲུབ་ཐམས་ཅད་ལ་དབང་བའི་གནས་མཆོག་དམ་པ་དེ་ནང་ མཚོ་བུམ་དང་ཚེའི་དངོས་གྲུབ་སྨོན་ལམ་བཀྲ་ཤིས་རབ་གནས་གནང་སྟེ་གུ་རུ་རིན་པོ་ཆེ་མཆོག་ དེ་ཁ་ལས་ བོད་འོན་ཕུག་སྟག་ཚང་ལུ་བྱོན་ཡོད་པ་ དེ་ལས་གཞན་ཡང་ གུ་རུ་རིན་པོ་ཆེའི་ཐུགས་སྲས་རྗེ་འབངས་ཉེར་ལྔའི་ནང་ཚན་ རླངས་ཆེན་དཔལ་གྱི་སེངྒེ་གནས་འདིར་བྱོན་ནས་སྒྲུབ་པ་བརྙེད་ཡོད་པའི་ཁར་ མཁའ་འགྲོ་རྡོ་རྗེ་ཕག་མོ་དང་ཞལ་མཇལ་ནས་མཆོག་དང་ཐུན་མོང་གི་དངོས་གྲུབ་ཞུ་ནས་ བལ་ཡུལ་ཡང་ལེ་ཤོད་དུ་བྱོན་ནས་སྒྲུབ་པ་གནང་བའི་རྗེས་སུ་སྐུ་མྱ་ངན་ལས་འདས་པའི་ཚེ་ སྐུ་གདུང་རྡོ་རྗེ་ལེགས་པས་སྟག་ཚང་དུ་གདན་དྲངས་ཏེ་གཏེར་གྱི་ཚུལ་དུ་སྦས། དེ་གུ་མཆོད་རྟེན་བཞེངས་ཡོད་མི་འདི་ནང་ གཟུང་ཞུགས་ཚུ་ག་ནི་ཡང་མ་ཕུལ་བར་སྟོངམ་སྦེ་བཞག་སྟེ་ཡོད་མི་དེ་ཡང་ ཚེས་བཟང་དུས་བཟང་གི་སྐབས་ལུ་ ཡར་མཆོད་རྟེན་གྱི་བུམ་པ་ནང་བྱོན་དོ་ཡོདཔ་ལས་ སྨོན་ལམ་གང་བཏབ་ཐེབས་པའི་མཆོད་རྟེན་རྩ་ཅན་ཅིག་ཨིན། དེའི་རྗེས་སུ་རྗེ་བཙུན་མི་རས་པ་ཡང་ གུ་རུའི་སྒྲུབ་ཕུག་འདི་ནང་ཟླ་ངོ་ ༣ ཙམ་ཞིག་བཞུགས་ཡོདཔ་དང་ སྤྱི་ལོ་ ༡༢༡༩ ལུ་ཕ་ཇོ་འབྲུག་སྒོམ་ཞིག་པོ་ཡང་སྒྲུབ་ཕུག་འདི་ནང་ ཟླ་ངོ་ ༦ གི་རིང་ལུ་སྒྲུབ་པ་གནང་པའི་སྐབས་མཚན་ལམ་ནང་ གུ་རུ་དངོས་སུ་བྱོན་ཏེ་ མུན་པའི་གླིང་འདི་ནང་ངའི་སྒྲུབ་གནས་ཡོད་ཚད་ག་ར་ ཁྱོད་ཀྱི་སྒྲུབ་གནས་སྦེ་བཞེས་ཟེར་གསུངས་ཏེ་གུ་རུའི་སྒྲུབ་གནས་ག་ར་ཕ་ཇོ་ལུ་གནང་བའི་གནས་རྩ་ཅན་ཅིག་ཨིན། ཡངདེ་ལས་ ཨྱོན་གུ་རུ་རིན་པོ་ཆེའི་ལུང་ལས། སྟག་ཚང་དང་པོ་དར་ཞིང་བར་དུ་རྒུད།། ཐ་མ་རྡོ་རྗེ་འཛིན་པ་གཅིག་གིས་བདག། ཞེས་གསུངས་པ་ལྟར་དུ་ ཞབས་དྲུང་རིན་པོ་ཆེ་དགུང་ལོ་ ༥༣ བཞེས་པའི་མེ་ཁྱི་ལོར་ དཔོན་སློབ་རིག་འཛིན་སྙིང་པོ་དང་ལྷན་དུ་རིན་སྤུངས་རྫོང་ལུ་ དམ་རྫས་རིལ་བུའི་སྒྲུབ་ཆེན་གནང་བའི་སྐབས་ ཐུགས་དམ་འོད་གསལ་གྱི་གཟིགས་སྣང་ལུ་ མི་ནགཔོ་ཅིག་འོང་སྟེ་ཞབས་དྲུང་ལུ་སྟག་ཚང་གི་གནས་འདི་ཁྱེད་ལུ་ཕུལ་ནི་ གནས་འདི་ཁྱོད་ཀྱིས་བཟུང་ན་ག་གིས་ཡང་གནོད་འཚེ་མི་བྱུང་ ཁྱོད་ཀྱི་འཕྲིས་ག་ཅི་བསྒྲུབ་རུང་ ང་གིས་བསྒྲུབ་ནི་ཨིན་ཟེར་ཞུ་ནུག་ དེའི་ནངས་པ་ཞབས་དྲུང་རིན་པོ་ཆེ་མཆོག་གིས་སྐུ་འཁོར་ཚུ་ལུ་ ད་རིས་མི་གཅིག་ང་དང་འཕྱད་པ་འཐོན་འོང་ སྒོ་ཁར་བཀག་མ་བཞག་པར་གཏང་ཟེར་གསུངས་ནུག། གནས་བདག་གིས་མི་སྤྲང་པོ་ཅིག་ལུ་སྤྲུལ་སྦེ་ཞབས་དྲུང་རིན་པོའི་སྐུ་མདུན་ལུ་མཇལ་ཁ་ཞུཝ་ད་ཞབས་དྲུང་མཆོག་གིས་ ཁྱོད་ག་ཏེ་ལས་སྨོ་ཟེར་གསུངསམ་ད་ ཁོ་གིས་ང་སྟག་ཚང་ལས་ཨིན་ཟེར་ཞུ་ནུག་ ད་ལྟོ་སྟག་ཚང་གི་གནས་འདི་ཁར་སྡོད་མི་ག་ཡོདཔ་ལ་སོགས་པའི་ལོ་རྒྱུས་ཞིབ་པར་དྲི་བ་གནང་བའི་མཐར་ ཞབས་དྲུང་མཆོག་གིས་ དྲི་མ་མེད་པའི་རས་དཀར་གྱི་དར་ལྕོག་ རིན་ཐུང་འདོམ་གང་ཙམ་གནས་བདག་འདི་ལུ་གནང་ནས་ཁྱོད་རང་དར་འདི་གནས་ཀྱི་རྩེ་མོར་འཕྱར་ནས་སྐད་ཤུགས་སྦེ་ཚར་ ༣ རྐྱབ་སྟེ་ དུས་ད་རིས་ནས་བཟུང་ སྟག་ཚང་གི་གནས་འདི་ ང་ཆོས་རྗེ་འབྲུག་པ་ངག་དབང་རྣམ་རྒྱལ་གྱིས་དབང་བ་ཨིན་ ང་རོ་ཆེན་པོ་སྒྲོགས་ཤིག་ཟེར་བཀའ་གནང་བ་བཞིན་ གནས་བདག་གིས་ཡང་ ཚུལ་དེ་བཞིན་དུ་བསྒྲུབས་པའི་སྒོ་ལས་ སྟག་ཚང་གི་གནས་འདི་ཞབས་དྲུང་རིན་པོ་ཆེ་མཆོག་གིས་བཞེས་གནང་ནུག་ ལུང་ལས་ སྟག་གཤམ་དགོངས་འདུས་ཁོག་དབུབ་ལས།། དམ་མཁའི་སྙིང་པོ་རང་འོད་འབྲུག་གི་མཚན།། ངག་གི་མིང་ཅན་ལྷོ་རོང་ཕྱོགས་སུ་བྱུང་།། ཟེར་ལུང་གིས་བསྔགས་པའི་ཞབས་དྲུང་རིན་པོ་ཆེ་མཆོག་ སྤྱི་ལོ་ ༡༦༤༦ ལོ་ལུ་ གནས་དེ་ཁར་ཞབས་ཀྱིས་བཅགས་ནས་སྒྲུབ་ཕུག་འདི་ནང་ བླ་མ་རིག་འཛིན་སྙིང་པོ་ལས་ དགོངས་འདུས་ཀྱི་ཆོས་འཁོར་ཡོངས་རྫོགས་གསན་ནས་སྒྲུབ་པ་གནང་པའི་སྐབས་ སྒྲུབ་པ་བརྙེས་པ་མ་ཚད་ རྟེན་འབྲེལ་གྱི་རྟགས་དང་མཚན་མ་བཟང་པོ་མང་རབས་ཞིག་སློབ་མ་ཚུ་གིས་ཡང་མཇལ་ཡོདཔ་ལས་ ཞབས་དྲུང་རིན་པོ་ཆེ་ཐུགས་དགྱེས་ཏེ་གནས་དེ་ཁར་ གཙུག་ལག་ཁང་ཅིག་བཞེངས་ནིའི་ཐུགས་བཞེད་ཡོད་རུང་ ཕྱག་འགན་གྱིས་ཐུགས་དལ་མེདཔ་ལས་ ཐུགས་སྲས་སློབ་མ་རྒྱས་སྲས་བསྟན་འཛིན་རབ་རྒྱས་ལུ་གཙུག་ལག་ཁང་བཞེངས་དགོ་པའི་བཀའི་ཕེབས་སྒོ་གནང་ནུག་ དེ་ཡང་ཨྱོན་རིན་པོ་ཆེའི་ལུང་ལས་ རྡོར་གདན་མཐིལ་ནས་བསྟན་འཛིན་མིང་ཅན་འབྱུང་།། དེ་བཞུགས་རིང་ལ་ལྷོ་བོད་ཡུག་ཅིག་བདེ།། ཞེས་གསུངས་པ་ལྟར་དུ་ དཔལ་ལྡན་འབྲུག་པའི་གདུང་རབས་དྲི་མ་མེད་པ་ལས་ ཨྱོན་པདྨ་འབྱུང་གནས་ཉིད་ཀྱི་སྤྲུལ་པའི་ཟློས་གར་གསར་དུ་བསྒྱུར་ཞིང་ འཕྲིས་རྣམ་ ༤ ལུ་མངའ་བརྙེས་པའི་རྗེ་རིན་པོ་ཆེ་རྒྱལ་སྲས་བསྟན་འཛིན་རབ་རྒྱས་མཆོག་ གནས་དེ་ཁར་བྱོན་པའི་སྐབས་སུ་ཡང་ རྟེན་འབྲེལ་གྱི་འཇའ་ཚོན་རིམ་པ་ ༣ དུ་སྦུབས་པ་དང་ གནས་ཀྱི་ཐད་ཀྱི་བར་སྣང་ལས་བྱ་རྒོད་ ༣ འཁོར་ཞིང་ལྡིང་བ་ ལྷག་པར་དུ་ལྷོ་ནུབ་ཀྱི་ཕྱོགས་ནས་ཁ་དོག་ལྔ་ལྡན་གྱི་འཇའ་སྤྲིན་དར་ཡུག་བཟུམ་ གནས་ཀྱི་ཕུར་པའི་མདུན་ནས་ནམ་མཁར་ཟུག་པ་ལ་སོགས་པའི་ཕྱི་ནང་གི་ཡ་མཚན་ཅན་གྱི་རྟགས་ཚན་བཟང་པོ་མང་རབས་ཤིག་བྱུངམ་ལས་ བཅོས་མིན་གྱི་དད་འདུན་གཏིང་ཚུགས་སུ་སྐྱེ་བའི་ཁར་གནས་དེ་ཁར་ རྒྱས་སྲས་ཉིད་ཀྱིས་ སྔོང་གོང་ཞབས་དྲུང་རིན་པོ་ཆེའི་དགོངས་བཞེད་ལྟར་ གཙུག་ལག་ཁང་གསར་བཞེངས་འབད་དགོསཔ་གི་ཕྱག་འགན་ཚུ་ཡང་ དཔོན་སློབ་གྲགས་པ་རྒྱ་མཚོ་ལུ་ཞལ་བཀོད་ཞིབ་ཐེམས་སུ་གནང་སྟེ་ སྤྱི་ལོ་ ༡༦༩༢ ལོ་ལུ་གཙུག་ལག་ཁང་བཞེངས་ནི་འགོ་བཙུགས་གནང་ནུག་ དེ་བསྒང་བྱག་གཟར་དྲགས་མགུ་ལས་རྩིགཔ་འགྱམ་བཙུགས་མ་ཚུགས་པར་སྡོད་པའི་སྐབས་ རྒྱལ་སྲས་ཁོ་རང་གི་དབུ་སྐྲ་བསིལ་ཏེ་རྩིག་པའི་འདམ་དང་བླ་བསྲེས་ནས་བརྩིགས་པས་ བར་ཆད་གྲོལ་ཏེ་ སྤྱི་ལོ་ ༡༦༩༤ ལོར་གཙུག་ལག་ཁང་ནང་རྟེན་དང་བཅས་པ་དད་ཅན་རྣམས་ཀྱི་ཕྱག་མཆོད་ཀྱི་རྟེན་དུ་བཞེངས་ནུག། ནང་རྟེན་གུ་རུ་གསུང་བྱོན་མ་དེ་ཡང་ རྒྱལ་སྲས་མཆོག་གིས་ གུ་རུ་རིན་པོ་ཆེ་དངོས་སུ་བཞུགསཔ་དང་དབྱེར་མ་མཆིས་པའི་ནང་རྟེན་གུ་རུའི་སྐུ་འདྲ་ཅིག་བཞེངས་དགོ་པའི་དགོངས་བཞེད་ལྟར་ དཔོན་སློབ་གྲགས་པ་རྒྱ་མཚོ་གིས་བལ་ཡུལ་ལས་ ལྷ་བཟོཔ་པཉྩ་དེ་ཝ་གདན་འདྲེན་ཞུས་ཏེ་ སྐུའི་རྒྱུ་དེ་ཡང་ མི་མ་ཡིན་ལྷ་སྲིན་སྡེ་བརྒྱད་ཀྱིས་ཕུལ་བའི་རྒྱུ་བཟུམ་ ཟངས་གཞན་དང་མ་འདྲ་བར་བྱིན་ཅན་ཅིག་གིས་འབད་ གུ་རུ་གསུང་བྱོནམ་གྱི་སྐུ་འདྲ་བཞེངས་ཚར་ཏེ་ སྤུ་ན་ཁ་ལས་དཔལ་ཕུག་གི་ནང་རྟེན་སྦེ་གདན་འདྲེན་ཞུ་བའི་སྐབས་ སྟག་ཚང་གི་གནས་སྒོ་ ལྡེ་མིག་སྒོ་ལྕགས་ཟེར་སར་ཕེབས་ད་ ལམ་འདི་བྱག་གཟར་དྲག་དང་རྩུབ་དྲག་སྦེ་ཡོད་པའི་ཁར་ ལམ་ཆུང་ཀུ་ཅིག་ལས་མེདཔ་ལས་ མི་ག་ར་གི་ཞུ་དགོ་མ་བདེ་ མི་གཅིག་གིས་ཞུ་མ་ཚུགས་པར་དགུང་ཞག་ ༡ དེ་ཁར་བཞུགས་ནུག་ དེ་ཚེ་ཕྱི་རུ་སྐུ་ཞུ་མི་ཚུ་ གུ་རུའི་སྐུ་འདྲ་སོ་སོར་སྦེ་འཕྱལ་ཏེ་ཞུ་ནི་གྲོས་འཆམ་བྱུང་ནུག་ དྲོ་པ་སོ་སོར་འཕྱལ་ནི་འབདཝ་ད་ གུ་རུ་རིན་པོ་ཆེ་མཆོག་གིས་ ང་ཤུབས་མི་དགོ་ ང་ཞུ་ཚུགས་མི་ཅིག་འཐོན་འོང་ཟེར་གསུང་བྱོནམ་བཞིན་དུ་ སྟག་ཚང་གི་གནས་བདག་སེངྒེ་བསམ་གྲུབ་ཀྱིས་མིའི་གཟུགས་སུ་སྤྲུལ་ཏེ་ ཆར་བཀབ་ཅིག་སྒལ་པར་བཀབ་སྟེ་ཁོ་རའི་སྐུ་རྒྱབ་ཏུ་ཞུ་སྦེ་ སྟག་ཚང་གི་ནང་རྟེན་སྦེ་བཞུགས་སུ་གསོལ་ནུག་ དེ་ལས་སྤྱི་ལོ་ ༡༩༥༡ ལོར་ད་རུང་གསུང་བྱོན་གནང་ནུག་ སྤྱི་ལོ་ ༡༩༩༨ ལོར་སྟག་ཚང་མེ་མཆོད་བཞེས་པའི་སྐབས་ འབྲུག་མི་ཡོངས་ཀྱི་བསོད་ནམས་ལས་བརྟེན་གནོད་རྐྱེན་སྦོམ་སྦེ་མ་བྱུང་པར་ ད་ལྟོ་ཡང་སྔར་བཞིན་དུ་མཇལ་ནི་ཡོདཔ་ཨིན།
སྟག་ཚང་པད་ཕུག་ལུ་ ལྷ་ཁང་ཡོད་མི་ཚུ་ཡང;
༡. གུ་རུའི་སྒྲུབ་ཕུག་གནས།
༢. གུ་རུ་གསུང་བྱོན་མའི་ལྷ་ཁང་།
༣. ཀུན་རྭ་ལྷ་ཁང་།
༤. མཆོད་རྟེན་ལྷ་ཁང་།
༥. གུ་རུ་མཚན་བརྒྱད་ལྷ་ཁང་།
༦. གྲོ་ལོད་ལྷ་ཁང་།
༧. རྣམ་སྲས་ལྷ་ཁང་།
༨. ཚེ་དཔག་མེད་ལྷ་ཁང་།
༩. གནས་པོའི་ལྷ་ཁང་།