རྫོང་བྲག་ཁ་དགོན་པ།

རྫོང་བྲག་ཁ་དགོན་པ།

 

རྫོང་བྲག་ཁ་ལྷ་ཁང་གི་ཆགས་རབས་མདོར་བསྡུས།

 

༉ སྤ་རོ་རྫོང་བྲག་ཁ་འདི་  འུ་ཆུ་སློབ་གྲྭ་ལས་ཡར་ ཧཱ་ལུ་འགྱོ་སའི་སྣུམ་འཁོར་ལམ་བདའ་སྟེ་འགྱོ་བའི་ལམ་ཁར་  སྤོ་ཏོག་གུ་ལྷོདཔ་ཅིག་ ལམ་གཡོན་ཧོངས་ཀྱི་སྣུམ་འཁོར་གསེབ་ལམ་བདའ་སྟེ་འགྱོ་ནི་གཅིག་དང་ འབངས་སྡེ་ལྷ་ཁང་གི་རྒྱབ་ཁ་ལས་ཡར་དགའ་དྲག་ནང་  ( ད་རེས་ནངས་པར་དགྱེསཔ་བྱ་ནང་) ཟེར་ས་ལས་བརྒྱུད་དེ་འགྱོ་ནི་བཅས་ ལམ་ཁག་གཉིས་འདུག་  རྫོང་བྲག་ཁ་འདི་ གུ་རུ་རིན་པོ་ཆེ་གི་གནས་རྩ་ཅན་ཅིག་ཨིན་མས།

དེ་མ་ཚད་  གནས་རྙིང་པ་ཀ་བཞི་པ་རྣམ་མཁྱེན་རིན་ཆེན་བསམ་གཏན་དཔལ་བཟང་གི་ལུང་བསྟན་དང་འཁྲིལ་ཏེ་   དུས་རབས་ ༡༤ པའི་ནང་  གྲུབ་ཐོབ་མགོན་པོ་རྡོ་རྗེ་སྤ་རོ་ལུ་བྱོན་སྦེ་  སྤ་རོ་རྫོང་བྲག་ ཁ་འཕྱེ་ཞིན་ན་  ཤེལ་གྱི་མཆོད་རྟེན་དང་ སངས་རྒྱས་ཀྱི་རིང་བསྲེལ་གཏེར་བཞེས་སའི་གནས་ཨིནམ་མ་ཚད་  རི་སེངྒེ་འགྱིང་ཚུགས་བཏོན་ཏེ་སྡོད་ཡོད་དོ་བཟུམ་མ་ལུ་   ས་སྤག་ཅུང་གིས་མཆོད་རྟེན་བཞེངས་ཏེ་  གདན་ས་ཡང་བཏབ་གནང་ནུག།    

 

དགོན་པ་འདི་ནང་ལྷ་ཁང་བཞི་མཇལ་ནི་འདུག་ ལྟག་གི་ལམ་བདའ་སྟེ་འགྱོ་བ་ཅིན་  དང་པ་རང་

  • གྱང་གསར་བུ་ཆོས་རྗེ་ལྷ་ཁང་

  • ཚེ་རིང་མའི་ལྷ་ཁང་།

  • གུ་རུ་ལྷ་ཁང་།

  • མཆོད་རྟེན་ལྷ་ཁང་།

ཚུ་མཇལ་ཞིན་ན་འདི་ཁ་ལས་མར་བབས་ཏེ་  ཨོམ་མ་ཎི་མཆོད་རྟེན་ལས་ མར་བབས་འོང་ས་འདུག་ ལམ་ཁག་གཅིག་འདི་   དགའ་དྲག་ནང་ལས་བརྒྱུད་དེ་སྤྱང་ཅུ་ནང་གི་ལྷ་ཁང་མཇལ་སྦེ་ ཆུ་བརྒལ་ཞིནམ་ལས་འདི་ཁ་ལས་ཡར་འཛེགས་ཏེ་ ཨོམ་མ་ཎི་མཆོད་རྟེན་ཡོད་སར་འཐོན་ཏེ་འགྱོ་ས་ཡང་ཡོདཔ་ཨིན་པས་  འདི་ནང་ཡོད་པའི་ལྷ་ཁང་ཚུ་ལས་རྩ་ཆེ་ཤོས་འདི་   གུ་རུ་ལྷ་ཁང་ལུ་ཡོད་པའི་མཆོད་རྟེན་ལྷ་ཁང་དེ་ཨིནམ་སྦེ་བཤདཔ་ཨིན་མས།

མཆོད་རྟེན་ལྷ་ཁང་འདི་ལོ་བསྟར་བཞིན་དུ་ སྤ་རོ་ཚེས་བཅུ་དང་འབྲེལ་ཏེ་ཟླཝ་གཉིས་པའི་ཚེས་བརྒྱད་དང་བཅུ་དྲུག་ལུ་མ་གཏོགས་མཇལ་ཁ་མིན་འདུག་  མཆོད་རྟེན་འདི་གྲུབ་ཐོབ་མགོན་པོ་རྡོ་རྗེ་གིས་གཏེར་ལས་བཞེས་པའི་སངས་རྒྱས་འོད་སྲུང་གི་རིང་བསྲེལ་བཞུགས་ཡོད་ནི་འདི་གིས་  དུས་བཟང་ཚུ་གི་སྐབས་ལུ་སྨོན་ལམ་བཏབ་པ་ཅིན་  སྤར་ནི་ཡོདཔ་ལས་ མིང་ལུ་ཡང་མཆོད་རྟེན་དཀར་མོ་འགུལ་ཤེས་ཟེར་མིང་བཏགས་ནུག།  

འདི་ཁར་གྲུབ་ཐོབ་མགོན་པོ་རྡོ་རྗེ་གིས་གཏེར་བཞེས་ས་དང་སྒྲུབ་ཆུ་ཁག་གསུམ་འདུག་ ལྷ་ཁང་ཁག་༤ ཡོད་མི་ལས་ གུ་རུ་ལྷ་ཁང་དེ་ བླམ་གནས་བརྟན་བྱང་ཆུབ་བཟང་པོ་གིས་བཞེངས་བཞེངསམ་དང་ ཚེ་རིང་མ་ལྷ་ཁང་དེ་ བླམ་རབ་བརྟན་དང་བླམ་འཕང་མཚོ་༢ ནས་བཞེངས་ཡོདཔ་དང་ གུ་རུ་ལྷ་ཁང་ནང་ ནང་རྟེན་གཙོ་བོ་མཁའ་འགྲོ་མ་དང་ གུ་རུ་མཚན་བརྒྱད་ཀྱི་སྤྲུལ་པ་གི་སྐུ་འདྲ་དང་ ཚེ་རིང་མའི་ལྷ་ཁང་ནང་ སངས་རྒྱས་ཤཱཀྱ་ཐུབ་པའི་སྐུ་འདྲ་ཚུ་མཇལ་ནི་ཡོདཔ་ཨིན། 

ད་ལྟོ་ལྷ་ཁང་དེ་ གཞུང་གྲྭ་ཚང་གི་བདག་འཛིན་དང་འཛིན་སྐྱོང་འཐབ་ཨིན་ མདོར་བསྡུས་ཏེ་ཞུ་བ་ཅིན་ རྫོང་བྲག་ཁ་ལྷ་ཁང་དེ་ནང་སྐུ་གསུང་ཐུགས་ཀྱི་རྟེན་མང་རབས་ཅིག་ཅིག་ཡོདཔ་དང་ དེ་ཚུ་ག་ར་བྱིན་རླབས་ཆེ་དྲག་དང་ རྩ་ཆེ་དྲག་ཙང་ཙ་ཨིནམ་སྦེ་བཤད་ནི་འདུག་ཟེར་ཞུ་ནི།