སྤ་རོ་རྫོང་ཁག་ནང་བྱོན་པ་ལེགས་སོ།

འཆར་སྣང་།

སྤ་རོ་རྫོང་ཁག་ནང་ མི་སྡེའི་ཞབས་ཏོག་ཚུ་ དགོས་མཁོ་དང་འཁྲིལ་ ཁྱད་རིག་དང་ལྡན་པའི་ཐོག་ལས་ མི་སྡེའི་དཔལ་འབྱོར་འདྲ་མཉམ་ཐོག་ སྤུས་ཚད་ཅན་དང་དུས་ཐོག་ཁར་ཕུལ་ཚུགས་ནི།

དམིགས་གཏད།

རྫོང་ཁག་འདི་ནང་ལུ་ མི་སྡེ་ཚུ་དབང་ཚད་ཕྱིར་སྤེལ་ལུ་རང་དབང་སྤྱོད་ཐོག་  རང་ལུགས་ལམ་སྲོལ་གྱི་ཕྱུག་པའི་ཁར་ དགའ་སྐྱིད་དང་ལྡན་པའི་ཐོག་ལུ་ མི་སྡེའི་དཔལ་འབྱོར་གོང་འཕེལ་འགྱོ་སྟེ་ཡོདཔ་བཟོ་ནི་ཨིན།

***

སྤ་རོ་རྫོང་ཁག་འདི་ རྒྱལ་ཁབ་ཀྱི་ནུབ་བྱང་ཁ་ཐུག་ལུ་ མཐོ་ཚད་ རྒྱ་མཚོ་ལས་ མི་ཊར་ ༢,༢༥༠ གི་ས་གནས་ཁར་ཆགས་ཏེ་ ཡོདཔ་ཨིན། ས་གི་ཁྱབ་ཚད་འབད་བ་ཅིན་ ཀི་ལོ་མི་ཊར་གྲུ་བཞི་ ༡༢༩༣ དང་ མི་རློབས་ཀྱི་གྱངས་ཁ་འབད་བ་ཅིན་ ཡོངས་བསྡོམས་ ༣༥,༢༦༠ དེ་ཅིག་ཡོད། བསིལ་དྲོད་ཀྱི་ཐད་ལུ་འབད་བ་ཅིན་ གནམ་བྱཱར་ལུ་ དྲོད་ཚད་ཌི་གི་རི་ ༢༦ ལས་ ༡༤ ཚུན་དང་ གནམ་དགུན་ལུ་ དྲོད་ཚད་ཌི་གི་རི་ ༡༤ ལས་ མའི་ནསི་ ༥ ཚུན་ལུ་འབབ་ཨིན།

རྫོང་ཁག་འདི་གིས་ རྒྱལ་ཡོངས་ཀྱི་སྣུམ་འཁོར་ལམ་ ཕུན་ཚོགས་གླིང་དང་ ཐིམ་ཕུག་ལུ་མཐུད་དེ་ཡོདཔ་ཨིན།  རྫོང་ཁག་ནང་འཁོད་འབད་བ་ཅིན་ རྫོང་ཁག་སྣུམ་འཁོར་ལམ་གྱི་ཁྱབ་ཚད་ ཀི་ལོ་མི་ཊར་ ༡༢༢ དང་ སོ་ནམ་ཞིང་ལམ་གྱི་ཁྱབ་ཚད་ཀི་ལོ་མི་ཊར་ ༣༡༡.༠༢ དེ་ཅིག་ཡོདཔ་ཨིན།

རྒྱལ་སྤྱིའི་གནམ་གྲུ་ཐང་ ཕུད་རྡོག་གཅིག་ལས་མེད་མི་འདི་ཡང་ རྫོང་ཁག་འདི་ནང་ཨིནམ་ལས་བརྟེན་ རྒྱལ་སྤྱི་དང་མཐུད་འབྲེལ་འབད་བའི་ས་ཁོངས་གལ་ཅན་ཅིག་ཨིན། དེ་གིས་སྦེ་ སྤ་རོ་གྱི་ཚོང་པ་དང་ སོ་ནམ་པ་ཚུ་ལུ་ཡང་ ཚོང་འབྲེལ་ལུ་བརྟེན་པའི་ཁེབ་ས་གི་གོ་སྐབས་སྦོམ་ར་ཡོདཔ་ཨིན།

རྫོང་ཁག་འདི་གི་མངའ་འོག་ལུ་ ནང་འཁོད་སྡེ་ཚན་ ༡༧ དང་ རྒེད་འོག་ ༡༠ དེ་ལས་ རང་བཞིན་སླར་འབྱུང་ཐོན་སྐྱེད་ཀྱི་རྒྱ་སྐྱེད་ཡིག་ཚང་ ༡༠ ། དེ་བཟུམ་སྦེ་  འབྲིང་རིམ་སློབ་གྲྭ་གོང་མ་ ༢ དང་། སློབ་གྲྭ་ལྟེ་བ་ ༢ ། འབྲིང་རིམ་བར་མ་ ༤ ། འབྲིང་རིམ་འོག་མ་ ༥ ། སློབ་གྲྭ་ཆུང་བ་ ༧ ། སྒེར་གྱི་སློབ་གྲྭ་ ༩ བརྩིས་ཏེ་སློབ་གྲྭ་ཡོངས་བསྡོམས་ ༢༩ ཡོདཔ་ཨིན།།

རྫོང་ཁག་འདི་གི་གློག་རིག་ཁ་བྱང་ཐོག་ལས་ རྫོང་ཁག་དང་ རྒེད་འོག་གི་གནས་ཚུལ་ཕབ་ལེན་དང་ གནས་ཚུལ་ཤེས་འདོད་ཡོད་མི་གེ་ར་གིས་ ད་ལས་ཕར་ འཇམ་ཏོང་ཏོ་སྦེ་འབྲེལ་བ་འཐབ་ཚུགས་ཟེར་ཞུ་ནི་ཨིན།

དེ་མ་ཚད་ རྫོང་ཁག་དང་འབྲེལ་བའི་ དོགས་སེལ་དང་བསམ་འཆར། གྲོས་འཆར་ཚུ་བཀོད་འདོད་ཡོད་པ་ཅིན་  འོག་གི་གློག་རིག་ཁ་བྱང་ཐོག་ལུ་ གློག་རིག་བདག་སྐྱོང་དང་གཅིག་ཁར་ འབྲེལ་བ་འཐབ་གནང་ཟེར་ཞུ་ནི་ཨིན།  kchoden@paro.gov.bt ཡང་ན་   bbgurung@paro.gov.bt  .

ང་བཅས་ཀྱི་ཁ་ཐུག་ལས་ རྫོང་ཁག་གློག་རིག་ཁ་བྱང་འདི་ ལག་ལེན་འཐབ་མི་གེ་ར་ལུ་ གློག་རིག་གི་ཁེ་ཕན་ལུ་བརྟེན་ སྤྲོ་བ་འབྱུང་བཅུག་ཟེར་བའི་རེ་སྨོན་དང་གཅིག་ཁར་ བཀྲིས་བདེ་ལེགས་ཟེར་ཞུ་ནི་ཨིན།

 བཀྲ་ཤིས་བདེ་ལེགས།