སྤ་རོ་འབྲང་རྒྱས་དགོན་པ།

སྤ་རོ་འབྲང་རྒྱས་དགོན་པ།

འབྲང་རྒྱས་དགོན་པ་ལྷ་ཁང་གི་ཆགས་རབས་མདོར་བསྡུས།

༉ སྤ་རོ་འབྲང་རྒྱས་དགོན་པའི་ལྷ་ཁང་བྱུང་རབས་ཀྱི་ལོ་རྒྱུས་མདོར་བསྡུས་ཅིག་ཞུ་བ་ཅིན་ དེ་ཡང་འབྲང་རྒྱས་དགོན་པའི་ལྷ་ཁང་དེ་ མི་ལོ་༧༠༠ ལྷག་ཙམ་གྱི་ཧེ་མ་རབ་བྱུང་༩ པ་དུས་རབས་༡༢ པའི་མཇུག་ཁམས་ལུ་ བོད་མདོ་ཁམ་ཤངས་ཀྱི་ཡུལ་ལས་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དམ་པ་ སྐྱེས་མཆོག་རྒྱལ་མཚན་དཔལ་བཟང་གིས་གདན་ས་འགོ་དང་པ་བཏབ་ཡོདཔ་ཨིན།  

སྐྱེས་མཆོག་རྒྱལ་མཚན་དཔལ་བཟང་གིས་ ཤངས་འབའ་རའི་བྲག་ལུ་གདན་ས་དོན་གྲུབ་སྡིངས་བཏབ་སྟེ་བཞུགས་གནས་མཛད་ཡོདཔ་ལས་ཡོངས་གྲགས་ཀྱི་མཚན་ལུ་ སྐྱེས་མཆོག་འབའ་ར་བ་ཟེར་ཞུཝ་ཨིན་མས་ སྐྱེས་མཆོག་འབའ་ར་བ་དེ་གནམ་བྱཱར་གྱི་དུས་ལུ་བོད་འབའ་རའི་བྲག་ལུ་སྒྲུབ་པ་གནང་སྟེ་བཞུགས་   དགུན་གྱི་དུས་ལུ་ལྷོ་མོན་སྤ་གྲོ་ལུ་གནས་བསྐོར་དང་འབྲེལ་བཞུགས་དོ་ཡོདཔ་ལས་ དུས་ཚོད་དེའི་སྐབས་ཀྱི་སྤ་གྲོ་རྣལ་འབྱོག་གི་ དཔོན་ཁྲོ་རྒྱལ་དང་ ཙན་གདོང་ནང་གི་ དཔོན་ས་མཁར་རྡོ་རྗེ་གཉིས་ཀྱིས་བླ་མའི་སྦྱིན་བདག་མཛད་དེ་ སྤ་རོ་འབྲང་རྒྱས་དགོན་པའི་ལྷ་ཁང་དེ་གསར་བཞེངས་འབད་དེ་བླ་མའི་སྒྲུབ་ཁང་སྦེ་ཕུལ་ནུག།

དུས་དེ་ལས་འགོ་བཟུང་སྟེ་བླ་མའི་བཞུགས་གནས་ཀྱི་ མ་ དགོནམ་གཙོ་བོ་འབྲང་རྒྱས་དགོན་པ་ལུ་འགྱུར་ཏེ་གདན་ས་འདི་ནང་སྟོན་འབྲུག་གནམ་སྐར་ཆེན་དུ་གྲགས་པའི་ཆོས་ཚུལ་གྱི་བསྟན་པ་བསྐྱངས་ཏེ་ཡུན་རིངམ་སྦེ་ བཞུགས་པའི་མཐའ་མར་སྐྱེས་མཆོག་དགུང་ལོ་༨༢ གནམ་ལོ་ཆུ་མོ་ལུག་ལོ་ཟླ་དང་པའི་ཚེས་ལྔ་ལུ་ཉི་མ་རྩེ་ལས་ཤར་བ་དང་བསྟུན་དགོངས་པ་ཆོས་ཀྱི་དབྱིངས་ལུ་ཐིམ་སོང་ནུག།

དུས་ཚོད་དེ་ལས་ཚུར་འབྲང་རྒྱས་དགོན་པ་འདི་ སྟོད་འབྲུག་གི་བླ་མ་འབའ་ར་བའི་སྤྲུལ་སྐུ་དང་ རྗེས་འཇུག་རྣམས་ཀྱིས་མི་ལོ་༣༠༠ ལྷག་བསྐྱངས་པའི་མཐའ་མར་ གདན་ས་ཆོས་རྗེ་འབྲུག་པ་ངག་དབང་རྣམ་རྒྱལ་གྱི་ཕྱག་ཏུ་འབྱོར་བ་ལས་ འབྲང་རྒྱས་དགོན་པའི་གདན་ས་འདི་སྟག་ཚང་བླ་མ་རིམ་བྱོན་གྱི་དགུན་གྱི་བཞུགས་གནས་སྦེ་ཕུལ་བ་མ་ཚད་ སྟག་ཚང་བླམ་དང་པ་ཡང་ གྲུབ་ཐོབ་སྦྱིན་པ་རྒྱལ་མཚན་བསྐོ་བཞག་མཛད་གནང་ནུག།

སྐྱེས་མཆོག་འབའ་ར་བའི་སྲུང་མའི་གཙོ་བོ་ ཇོ་མོ་བཀྲ་ཤིས་ཚེ་རིང་མ་གཙོ་མོ་དེ་ཡང་ གདན་ས་འདི་ནང་ཨིནམ་ལས་ཤུལ་མ་ སྒོ་རི་རྗེ་ཤེས་རབ་རྒྱལ་མཚན་སྟག་ཚང་བླམ་མཛད་པའི་སྐབས་ལུ་ ད་རིས་ནངས་པ་ཡོངས་གྲགས་ཨིན་མི་ སྤ་རོ་གི་ཚེ་རིང་མཆེད་ལྔ་མཇལ་བའི་ལམ་སྲོལ་ཡང་ གསརཔ་སྦེ་ལམ་སྲོལ་བཙུགས་ཡོད་པའི་ལོ་རྒྱུས་བཤད་ནི་འདུག་ཟེར་ཞུ་ནི།